༄༅། །ན་མོ་གུ་ར་ཝེ། ལྷ་བརྒྱའི་ གཙུག་རྒྱན་ངོས་ལ་ཞབས་སེན་གྱི། །ནོར་བུའི་འོད་ཆགས་རྒྱལ་ཡུམ་རྗེ་བཙུན་མའི། །ཞབས་པད་གུས་བསྟེན་དེ་ཉིད་སྒྲུབ་པའི་ཐབས། །འདོད་དགུའི་མཆོག་སྦྱིན་དབང་གི་རྒྱལ་པོ་བྲི། འདིར་རྗེ་བཙུན་མ་སྒྲོལ་མ་ བསྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་ དུ་རྗེ་བཙུན་མ་སྒྲོལ་མ་བསྒྲུབ་པའི་རིམ་པ་ལ་འཇུག་པར་བྱའོ་སྙམ་པའི་ཁྱད་པར་གྱི་སེམས་བསྐྱེད་ལན་གསུམ་མམ། བདུན་སོགས་བྱ། དེ་ནས། རང་ཉིད་རྗེ་བཙུན་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀའི་ཏཾ་ [185A]༄༅། །ཡིག་གི་འོད་ཟེར་གྱིས། པོ་ཏ་ལ་ནས་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་སྒྲོལ་མ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ ཟེར་རང་གི་སྙིང་གར་ཐིམ། སྒོ་གསུམ་གུས་པའི་སྒོ་ནས། རྗེ་བཙུན་འཕགས་མ་སྒྲོལ་མ་དང། ཞེས་པ་ཤློ་ཀ་གཅིག་གིས་ཕྱག་བྱ། ཨོཾ་ཨཱ་ཧཱུཾ་གིས་བྱིན་གྱིས་བརླབས་པའི་མཆོད་པ་འཁོར་གསུམ་བདེན་ སྟོང་དུ་རྟོགས་པའི་ངང་ནས། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་དང། མེ་ཏོག་བདུག་སྤོས་མར་མེ་དྲི། ཞེས་པ་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ཅེས་བདུན་རྣམ་དག་བྱས་ནས་ ཚོགས་ཞིང་རང་གནས་སུ་གཤེགས་ཏེ། སྦྱོར་བ་ཚོགས་གསོག་པའོ། །དེ་ནས། སྭ་བྷ་ཝས་སྟོང་པར་སྦྱངས་ནས། ཡེ་ཤེས་ཀྱི་ཚོགས་བསག་སྟོང་པའི་ངང་ལས་པཾ་ལས་པད་དཀར་འདབ་མ་བརྒྱད་པའི་ལྟེ་ བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཏཾ་ཡིག་ལྗང་ཁུ་ཡོངས་སུ་གྱུར་པ་ལས་ཨུཏྤལ་ཏཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས། ཕྱག་མཚན་ས་ བོན་དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན་གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་ཉམས་ཅན། ཞི་ཞིང་འཛུམ་པ། ཞལ་གཅིག་ཕྱག་ [185B] གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་ཐུགས་ཀར་མཛད་པའི་ཕྱག་གཉིས་ཨུཏྤ་ལ་སྔོན་པོས་མཚན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་ཤིང་རིན་པོ་ཆེའི་ དབུ་རྒྱན་དང། སྙན་རྒྱན་དང། མགུལ་རྒྱན་དང། ཕྱག་གདུབ་དང། ཞབས་གདུབ་དང། དོ་ཤལ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་མཛེས་ པར་བྱས་ཤིང། ལྷ་རྫས་ལས་གྲུབ་པའི་དར་གྱི་ན་བཟས་ཀླུབས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། ཞབས་གཡས་ཅུང་ཟད་བརྐྱངས་ཤིང། གཡོན་བསྐུམས་པའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་ པར་ཨཱ་ཐུགས་ཀར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། བདེ་བ་ཅན་དང། པོ་ཏ་ལ་སོགས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་ སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་ བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། ལུས་གང། དྲི་མ་དག་ཆུ་ལྷག་པ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་ [186A]༄༅། །དབུ་བརྒྱན་པར་གྱུར། མཆོད་པ་རྣམས་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་མ་མ་བཧྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ལས་སྤྲོས་པའི་མཆོད་པའི་ ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བདེ་གཤེགས་ཀུན་གྱི་འཕྲིན་ལས་རྣམས། མཛེས་སྡུག་ལྷ་མོའི་སྐུར་བསྟན་ནས། །འགྲོ་རྣམས་ སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བར་མཛད་ལ་བསྟོད་པར་བགྱི། །མརྒ་ཏ་ཡི་རི་བོ་ནི། །རྒྱུ་སྐར་དོ་ཤལ་འཆང་བ་བཞིན། །ཡིད་འོང་མཚན་དཔེའི་དཔལ་འབར་བ། །མཐོང་བས་དོན་ལྡན་མཛད་ལ་འདུད། །དྲན་པ་ཙམ་ གྱིས་གདོན་བགེགས་དང། །ནད་རིམས་དུས་མིན་འཆི་བ་དང། །ཕྱི་ནང་འཇིགས་པ་བརྒྱད་ལ་སོགས། །འཇོམས་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས། བདེན་འཛིན་གྱི་སྤྲོས་པ་དང་བྲལ་ བའི་སེམས་གསལ་སྟོང་གི་གཟུང་རྣམ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུའི་རྗེ་བཙུན་སྒྲོལ་མའི་སྐུའི་རྣམ་པར་ཤར་བ། ཟབ་གསལ་གཉིས་སུ་མེད་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་རྩེ་གཅིག་ཏུ་མཉམ་ [186B]བསྒོམས་པས་སྐྱོ་ན། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ། ཏཾ་ཡིག་ཧཱུཾ་གིས་མཚན་པའི་མཐར། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སཱཧཱ། ཞེས་པ་ཡི་གེ་བཅུ་པའི་སྔགས་ཕྲེང་འོད་ཟེར་དུས་མཐའི་མེ་ ལྟར་འབར་བས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་གང། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྦྱངས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། སྣོད་ཐམས་ཅད་ཀྱི་ མ་དག་པ་ཐམས་ཅད་སྦྱངས། བདེ་བ་ཅན་ལྟ་བུའི་དག་པའི་ཞིང་དང། བཅུད་ཀྱི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་གོ་འཕང་ལ་བཀོད། ཡང་འོད་ཟེར་འཕྲོས། སངས་རྒྱས་སྲས་བཅས་ལ་མཉེས་པའི་ མཆོད་པ་ཕུལ། དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཟེར་སྣ་ལྔ་འཕྲོ་བའི་བདུད་རྩིའི་རྣམ་པར་སྤྱན་དྲངས། རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བདག་ཉིད་ཀྱི་ལུས་ཀྱི་ ནང་ཐམས་ཅད་ཁྲིག་མེར་གྱིས་གང། ཚེ་དང་བསོད་ནམས་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་ཞུགས་པར་བསམས་ལ། ཡིད་མ་ཡེངས་པར་ བཟླས་པའི་སྐྱོན་དང་བྲལ་བར་བརྒྱ་སྟོང་ཁྲི་འབུམ་སོགས་བཟླའོ། །མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག་ཅེས་སོགས་དེ་ལས་བྱུང་བའི་དགེ་ཚོགས་མཚན་མར་འཛིན་པ་དམིགས་པའི་དུག་དང་མ་འདྲེས་པར་བསྔོ་ [187A]༄༅། །བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །ཐུན་གྱི་མཐར་གཏོར་མ་འབུལ་བར་འདོད་ན། གཙང་ཞིང་བཀོད་པས་མཛེས་པའི་དཀར་གཏོར་ཆབ་ཀྱིས་བྲན། མཆོད་རྫས་ཞེས་པ་གཏོར་མར་བསྒྱུར་ ནས་བྱིན་གྱིས་བརླབས། རང་རྗེ་བཙུན་སྒྲོལ་མར་གསལ་བའི་ཐུགས་ཀའི་ཏཾ་ཡིག་གི་འོད་ཟེར་གྱིས། བདེ་བ་ཅན་དང། པོ་ཏ་ལ་སོགས་རང་བཞིན་གྱི་གནས་རྣམས་ནས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་ དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པའི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཨ་ཀཱ་རོ་ འམ། ཡང་ན། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་ནམ་གསུམ་སོགས་ཀྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། སྔར་གྱི་བསྟོད་པས་བསྟོད། འདིའི་མཚམས་སུ་ལོང་བྱུང་ ན་ཕྱག་འཚལ་ཉེར་གཅིག་གཉིས་སམ་གསུམ་མམ། བདུན་ཅི་རིགས་བརྗོད་ན་འབྲེལ་ཆགས་ཤིང་སྐབས་སུ་བབས། དེ་རྗེས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། ཞེས་སོགས་ཀྱིས་འདོད་དོན་ལ་ གསོལ་བ་གདབ། བསྔོ་བ་སྨོན་ལམ་བྱས་ལ་བཟོད་པར་གསོལ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཏེ་ཤིས་པ་བརྗོད་དོ། །ཚུལ་འདི་ལྟར་རྣལ་འབྱོར་ལ་བརྩོན་པར་བྱས་པས་གནས་སྐབས་དང་ [187B] བདག་ལ་ཕན་པར་དགོངས་པས་ཉམས་ལེན་ལ་བརྩོན་པར་མཛོད་ཅིག་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །ལུས་ཅན་སྲིད་པའི་རྒྱ་ མཚོ་ལས། །སྒྲོལ་མཛད་བཅོམ་ལྡན་རྗེ་བཙུན་མའི། །སྒྲུབ་ཐབས་མཆོག་སྦྱིན་དབང་གི་རྒྱལ། །ལེགས་པར་བསྐྲུན་པའི་དགེ་བའི་ཚོགས། །ཟླ་ལྟར་དཀར་བ་ཅི་མཆིས་པ། །མཁའ་མཉམ་འགྲོ་བ་མ་ལུས་པ། །བླ་མེད་ བྱང་ཆུབ་ཐོབ་ཕྱིར་བསྔོ། ཞེས་རྒྱལ་ཡུམ་སྒྲོལ་མའི་སྒྲུབ་ཐབས་འདོད་དགུའི་མཆོག་སྦྱིན་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ནི། ཞ་ལུ་རི་ཕུག་ནས་དགེ་སློང་གསུམ་ལྡན་རྡོ་རྗེ་འཛིན་པ། ཟབ་མོའི་དོན་ལ་རྩེ་གཅིག་ཏུ་ གཞོལ་བའི་བླ་ཆེན་སངྒྷ་ཤྲཱི་བྷ་དྲས་བསྐུལ་བ་ལ་བརྟེན་ནས། མདོ་རྒྱུད་དམ་པའི་མན་ངག་འཛིན་པའི་ཆོས་སྨྲ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ་སྦྱར་བའི་ ཡི་གེ་པ་ནི་ཞ་ལུ་བ་རིན་ཆེན་ཆོས་ལེགས་སོ།། །།